འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས།

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་བསྒྲགས་ནི་འགྲོ་བ་མིའི་ཐོབ་ཐང་གི་རྨང་རྡོ་ལྟ་བུ་ཡིན། དེ་ནི་འཛམ་གླིང་སྒང་གི་ཁྲིམས་ལུགས་དང་རིག་གཞུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་རིགས་དང་རྒྱལ་ཁབ་ཁག་གི་སྐུ་ཚབ་འཐུས་མིས་ཟིན་བྲིས་སུ་བཏབ་པ་དང་། འཛམ་གླིང་རྒྱལ་ཁབ་དང་མི་མང་ཐུན་མོང་གི་མདོན་འདོད་གཞིར་བཟུང་སྟེ། ཕྱི་ལོ་༡༩༤༨ ཟླ་༡༢ ཚེས་༡༠ ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ཆེན་ཐོག་ཡོངས་ཁྱབ་བསྒྲགས་བསྐྱངས་པ་རེད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནི་དེ་སྔོན་ཁྱབ་བསྒྲགས་བསྐྱངས་ཉིན་དང་འདྲ་བར་ཉི་མ་དེ་རིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དངོས་དང་འབྲེལ་བ་དམ་ཟམ་ཡོད་ལ། ད་སྔ་ཡོངས་ཁྱབ་གསལ་བསྒྲགས་འདི་འཛམ་གླིང་གི་སྐད་རིགས་༥༠༠ ལྷག་གི་ནང་བསྒྱུར་བསྐྲུན་བྱས་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས།༼སྙིང་བསྡུས།༽

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནུས་སྟོབས་ནི་འཛམ་གླིང་འཕོ་འགྱུར་གཏོང་བའི་བསམ་བློའི་ནུས་སྟོབས་ཤིག་ཡིན་ལ། དེས་མུ་མཐུད་དུ་ང་ཚོ་འགྲོ་བ་མི་ཚང་མར་ཆེ་མཐོངས་དང་འདྲ་མཉམ། རང་དབང་བཅས་ལ་ཁག་ཐེག་དང་འགན་སྲུང་གནང་དགོས་པར་སྐུལ་འདེད་གཏོང་གི་ཡོད།

ངོ་སྤྲོད།

འགྲོ་བ་མིའི་ཁྱིམ་ཚང་ནང་མི་ཚང་མ་སྐྱེས་ཙམ་ནས་ཆེ་མཐོངས་དང་འདྲ་མཉམ། སུས་ཀྱང་འཕྲོག་མི་རུང་བའི་ཐོབ་ཐང་བཅས་ལ་ངོས་ལེན་བྱེད་པ་ནི། འཛམ་གླིང་འདིའི་ནང་ཞི་བདེ་དང་དྲང་བདེན། རང་དབང་བཅས་ཡོང་ཐབས་ཀྱི་རྨ་གཞི་ཆགས་ཡོད།

འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་རྐྱེན་གྱིས། འཛམ་གླིང་སྒང་འདིར་ཀླ་ཀློའི་བྱེད་སྟངས་ཤིག་འབྱུང་མུས་ཡིན་ཞིང་། དེ་ནི་འགྲོ་བ་མིའི་དཔྱོད་ཤེས་ལས་ཡོངས་སུ་བརྒལ་ཡོད། འཛམ་གླིང་སྒང་གི་འགྲོ་བ་མི་ཚང་མས་སྨྲ་བརྗོད་རང་དབང་དང་དད་མོས་རང་དབང་། འདོད་འདུན་གྱི་རང་དབང་། འཇིགས་སྐྲག་མྱོང་མི་དགོས་པའི་རང་དབང་བཅས་ལོངས་སུ་སྤྱོད་རྒྱུ་ནི་འགྲོ་བ་མི་ཐུན་མོང་གི་མངོན་འདོད་ཆེ་ཤོས་ཡིན་པ་འཛམ་གླིང་སྒང་འདིར་མིག་མཐོང་ལག་ཟིན་ཆགས་ཡོད།