གསལ་འདེབས།
ཕྱི་ལོ་༢༠༡༨ ལོར་འདི་ག་ལྟེ་གནས་ཁང་གིས་སྤེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཟབ་སྦྱོང་བྱ་འགུལ་ཁག་ཅིག
ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ཐོག་སྤེལ་ནས་མི་ལོ་༣༠ འཁོར་བ་དང་འབྲེལ་ཏེ་བོད་ཡིག་རྐྱང་བའི་དྲ་ཚིགས་ཤར་གཏོང་བྱས་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་༧༠ དང་། བོད་ནང་དུ་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ནང་ཤིང་དཔར་གནང་ནས་མི་ལོ་༣༠ ལོན་པའི་དུས་དྲན་སྲུང་བརྩི་དང་འབྲེལ་ཏེ་བོད་ཡིག་རྐྱང་བའི་དྲ་ཚིགས་ཤར་གཏོང་བྱས་ཡོད།
ཁ་སང་ཕྱི་ཚེས་༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ ཐོག་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་དུ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་ལོ་ངོ་༧༠ དང་། ཕྱི་ལོ་༡༩༨༨ ལོར་འབྲས་སྤུངས་དགོན་གྱི་དགེ་འདུན་པ་བཅུས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ནང་ཤིང་དཔར་འགྲེམ་སྤེལ་གནང་ནས་མི་ལོ་ཧྲིལ་པོ་༣༠ འཁོར་བའི་རྗེས་དྲན་མཛད་སྒོ་སྲུང་བརྩི་དང་འབྲེལ་ཏེ། བོད་མིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་སྤེལ་ཐབས་དང་། བོད་མི་མཉམ་ཞུགས་ཡོང་ཐབས། དེ་བཞིན་རྒྱ་ཆེའི་མི་མང་ནས་སོ་སོའི་ཐོབ་ཐང་ཁག་ལ་འགན་སྲུང་དང་ཕན་ཚུན་ཕྱར་བ་གྲུ་འདེགས་གནང་བའི་རེ་སྐུལ་ཞུ་ཆེད། བོད་ཡིག་རྐྱང་བའི་དྲ་ཚིགས་ཤིག་དབུ་འབྱེད་ཀྱིས་ད་ལྟ་དངོས་སུ་ཤར་གཏོང་བྱས་ཡོད།
ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར། ཕྱི་ལོ་༡༩༨༧ ལོར་རྒྱལ་ས་ལྷ་སར་བོད་རང་བཙན་རྔམ་སྟོན་ཁྲོམ་སྐོར་ཐོག་མར་གནང་མཁན་གྲས་གྱི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ངག་དབང་བདེ་ལེགས་དང་ངག་དབང་འོད་འབར། དེ་བཞིན་ཕྱི་ལོ་༡༩༨༨ ལོར་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ཡིག་ནང་ཤིང་དཔར་འགྲེམ་སྤེལ་གནང་མཁན་དགེ་འདུན་པ་བཅུ་ཡི་གྲས་ཀྱི་འཇམ་དཔལ་སྨོན་ལམ་གྱི་སྐུ་ཟླ་ལྷག་པ་སྒྲོལ་མ་གཙོས། བཞུགས་སྒར་ཁུལ་གྱི་ཚོགས་པ་སྐྱིད་སྡུག་གི་ཁག་གི་སྐུ་ཚབ་དང་མཐོ་སློབ་ཁག་གི་སློབ་ཕྲུག་སོགས་ཁྱོན་མི་གྲངས་༥༠ ལྷག་མཉམ་ཞུགས་གནང་ཡོད།
འདི་ག་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བས་ཐེངས་འདིའི་རྗེས་དྲན་མཛད་སྒོའི་ལས་རིམ་རྒྱབ་ལྗོངས་དང་བཅས་པ་ངོ་སྤྲོད་དང་ལས་བྱེད་ཁྲི་སྲོང་རྡོ་རྗེས། འབྲས་སྤོང་དགོན་གྱི་དགེ་འདུན་བཅུའི་དཀའ་སྡུག་གི་མི་ཚེ་ལོ་རྒྱུས། སྔ་རྗེས་ཀྱི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་སྟངས་མདོར་བསྡུས་སུ་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་བདེ་ལེགས་ནས། ང་ཚོ་འབྲས་སྤུངས་དགོན་གྱི་གྲྭ་པ་ཉི་ཤུ་རྩ་གྲངས་ཤིག་གིས་ཉིན་གཉིས་གསུམ་སྔོན་ནས་གསང་བའི་ཐོག་ནས་མཚན་གུང་དུ་བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཞེས་ངོ་རྒོལ་ལས་འགུལ་གྱི་ཡིག་ཆག་ཁག་ལག་བྲིས་བྱས་ཤིང་། ཕྱི་ལོ་༡༩༨༧ ཟླ་༩ པའི་ཚེས་༢༧ ལོར་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན། རྒྱ་གཞུང་གིས་ང་ཚོ་བཙོན་འཇུག་བྱས་པ་རེད། ཡིན་ནའང་སྐབས་དེར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཞལ་བཞུགས་ཡོད་པས། རིན་པོ་ཆེ་ཁོང་ཆེད་མངགས་ལྷ་སར་ཕེབས་ནས། རྒྱ་གཞུང་ལ་ཞི་རྒོལ་ནང་ཞུགས་མཁན་བོད་མི་གྲྭ་པ་རྣམས་ངེས་པར་དུ་གློད་གྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲད་སྟབས། ང་ཚོ་ཡུན་རིང་བཙོན་ཁང་དུ་སྡོད་མི་དགོས་པར་བོད་མི་བཙོན་པ་༨༠ ཙམ་དང་མཉམ་དུ་གློད་གྲོལ་བཏང་སོང་། འོན་ཀྱང་ཕྱི་ལོ་༡༩༨༩ ལོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་ལོ་དེར། ང་ཚོ་འབྲས་སྤུངས་དགོན་པའི་གྲྭ་པ་༤༠ ལྷག་དགོན་པ་ནས་ཕྱིར་འཕུད་བཏང་བ་རེད། ངའི་སྤུན་མཆེད་ཆུང་བ་འཇམ་དཔལ་རིན་ཆེན་ལྟ་བུར་མཚོན་ན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཤིང་དཔར་འགྲེམ་སྤེལ་བྱེད་མཁན་གྲྭ་པ་༡༠ གྲས་སུ་ཡོད་པ་རེད། ཕྱིས་སུའང་ངོ་རྒོལ་ལས་འགུལ་གཞན་ནང་དུ་ཞུགས་པས། བཙོན་འཇུག་ཐེངས་གསུམ་ཙམ་བྱས་པ་དང་། ཕྱི་ལོ་༢༠༠༨ ལོར་འཕན་པོའི་ཞི་རྒོལ་ནང་དུ་ཉམས་ཞུགས་བྱས་རྐྱེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་ཟླ་ཁ་ཤས་རིང་བཀག་ཉར་བྱས་པ་རེད། ཅེས་བརྗོད་སོང་།
བོད་ཀྱི་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ཀྱི་སྐུ་ཟླ་ལྷག་པ་སྒྲོལ་མས། སྤྱིར་འཇམ་དཔལ་ལགས་ཀྱིས་ནམ་རྒྱུན་ཁོང་བོད་ནང་དུ་བཙོན་འཇུག་བྱས་པའི་སྐོར་གསུང་འདོད་གནང་གི་མི་འདུག ང་རང་གིས་ཀྱང་དེ་ཙམ་འདྲི་ཡི་མེད། ཡིན་ནའང་ཁོང་གིས་གནས་ཚུལ་ཞིག་བཤད་པའི་ནང་། ཁོང་རང་བཙོན་ཁང་དུ་འདྲི་གཅོད་དང་ཉེས་རྡུང་གཏོང་སྐབས། ནམ་རྒྱུན་༧གོང་ས་མཆོག་གི་ཞལ་རས་སྒོམ་ནས་སྡོད་ཀྱི་ཡོད་པས། རྒྱུག་རྡུང་དང་གློག་རྒྱུག་བཏང་བ་སོགས་བྱས་ཀྱང་། གཟུགས་པོར་ཟུག་བརྒྱབ་པ་གང་ཡང་ཧ་གོ་ཡི་མི་འདུག་ཅེས་ལབ་མྱོང་བ། ཁོང་ནི་ལྷག་བསམ་རྣམ་དག་གི་བོད་མི་ཞིག་ཡིན། ནམ་རྒྱུན་བོད་ནང་དུ་བྱུང་བའི་ཆབ་སྲིད་གནས་ཚུལ་འབྱོར་ཚེ། གཟའ་ཉི་མའི་གུང་གསེང་ལའང་ཕྱག་ལས་གནང་གི་ཡོད། ཅེས་བརྗོད་སོང་
བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་གྱིས། སྤྱིར་རྒྱ་གཞུང་གིས་བོད་ནང་དུ་ཆོས་དད་རང་དབང་ཡོད་ཟེར་གྱི་ཡོད་ཀྱང་། དོན་དངོས་སུ་གྲྭ་སར་འཛུལ་སྐབས་ལྟག་སྒོ་མང་པོ་ཞིག་བརྒྱུད་དགོས་པར་མ་ཟད། འབྲས་སྤུངས་དགོན་པར་མཚོན་ན། དུས་ད་ལྟའི་བར་ཤི་གསོན་ལ་མ་བལྟས་པར་གྲྭ་གྲངས་༤༥༠ ལས་བརྒལ་མི་ཆོག་པ་དང་། རང་ལོ་༡༨ མན་ཆད་རྣམས་གྲྭ་བ་བཟོ་ཆོག་གི་མེད་པ་རེད། གནས་སྟངས་དེ་ལས་བོད་ནང་དུ་ཆོས་དད་རང་དབང་ཡོད་མེད་ཤེས་ཡོང་གི་རེད།
སྤྱིར་ཆུང་དུས་སྐབས། ང་ཚོས་ཅི་ཡང་ཧ་གོ་ཡི་ཡོད་པ་མ་རེད། བོད་དེ་རྒྱ་ཁོངས་ཡིན་ཤག་ཤག་བྱས་པ་རེད། ཡིན་ན་ཡང་ཕྱིས་སུ་འབྲས་སྤུངས་དགོན་པར་གྲྭ་ཞུགས་བྱས་སྐབས། ༧སྐྱབས་མགོན་རིན་པོ་ཆེའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཀློག་རྒྱུ་བྱུང་བས། དེ་ནས་ང་ཚོར་ལན་མང་པོ་ཞིག་རག་ཡོད་པ་རེད། དེབ་དེ་ལས་ང་ཚོའི་རྒྱལ་ཁབ་དང་། དབུ་འཁྲིད་སུ་ཡིན་མིན། དེ་བཞིན་འབྲས་སྤུངས་དགོན་པའི་རྒྱབ་ལོགས་དེ་སུས་གཏོར་མིན་སོགས་དྲི་བ་མང་པོ་ཞིག་ལན་རག་པ་རེད།
ད་ལྟ་ང་ཚོའི་གནས་སྟངས་དེ་ཏོག་ཙམ་ཡག་ཏུ་ཕྱིན་ཡོད་བསམ་སྟེ་ལྷོད་ལྷོད་བྱས་ནས་སྡོད་པའི་དུས་ཚོད་མ་རེད། ད་ལྟ་ང་ཚོས་སྐེ་རགས་དམ་དུ་གཏོང་བའི་དུས་ལ་སླེབས་ཡོད། ད་འགྲིག་སོང་། སྔོན་མ་དང་བསྡུར་ན་ད་ལྟ་ཁང་པ་ཞིག་བརྩིགས་ཐུབ་སོང་། རླངས་འཁོར་དང་འཕྲུལ་རྟ་ཡང་ཉོ་རྒྱུ་རག་བྱུང་བསམ་ནས་བསྡད་ཚེ། དྲང་མོར་ཞུས་ན། ལས་རྒྱུ་འབྲས་ནས་འགྲོ་ཐབས་མེད་པ་དང་། གཉིས་ནས་ཕྱི་ལོ་༡༩༥༩ སྐབས་སུ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་འདས་གྲོངས་སུ་ཕྱིན་པ་དེ་མ་བརྩིས་པའི་དབང་དུ་བཏང་ན་ཡང་། ཕྱི་ལོ་༡༩༨༧ ཚུན་ལ་འདས་གྲོངས་ཕྱིན་པའི་བོད་མི་རྣམས་ང་རང་ཚོའི་མི་ཐོག་གི་མི་རབས་རྐྱང་རྐྱང་ཡིན་པས། ཁོང་ཚོས་ཤི་དུར་ཁུང་ནས་ཕྱིར་བལྟས་སློག་ནས་བལྟས་པ་ཡིན་ན་ཡང་། ལས་རྒྱུ་འབྲས་ནས་འགྲོ་ས་ཡོད་པ་མ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།
བོད་ཡིག་རྐྱང་བའི་དྲ་ཚིགས་(https://tibetanhumanrightsdeclaration.org/)འདིའི་ནང་དུ། མདུན་ངོས་དང་།་ལས་འགུལ། ཡོངས་ཁྱབ་གསལ་བསྒྲགས། གསལ་འདེབས། ལག་བསྟར། ཕབ་ལེན། འགྲོ་བ་མིའི་ཐོབ་ཐང་གི་དཔའ་རྟུལ་བཅུ། ཞེས་མདུན་ངོས་ཚན་པ་བདུན་དུ་སྒྲིག་བཟོས་བྱས་ཏེ། ཕྱི་ལོ་༡༩༨༨ ལོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་ནང་དུ་བོད་ཡིག་ཐོག་དཔར་འགྲེལ་གནང་མཁན་འབྲས་སྤུངས་དགོན་གྱི་དགེ་འདུན་པའི་དངོས་མྱངས་ལོ་རྒྱུས་སྙིང་བསྡུས་དང་ཁོང་རྣམ་པའི་འདྲ་པར་སོགས་གཙོས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ལུགས་རྩ་འཛིན་ཡིག་ཆ་ཁག་བོད་སྐད་ཡིག་ནང་ཁ་གསལ་གོ་བདེར་སྒྱུར་སྒྲིག་དང་བརྙར་པར་སྒྲིག་བཟོ། ལྷག་པར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཙོས་སྤྱི་ཆིངས་ཁག་བོད་སྐད་ཡིག་ནང་སྒྱུར་སྒྲིག་བྱས་ཡོད་ལ། མ་འོངས་པར་མུ་མཐུད་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་ལམ་སྲོལ་གྱི་གོ་རྟོགས་གོང་སྤེལ་དང་མི་མང་མཉམ་ཞུགས། འགན་འཁུར་དང་ནུས་སྟོབས་གོང་འཕེལ་གཏོང་ཐབས་སུ་དྲ་རྒྱ་དང་ལས་འགུལ་རྒྱ་ཆེ་དྲ་རྒྱས་སུ་གཏོང་འཆར་ཡོད།
ད་ལྟ་བོད་ཡིག་རྐྱང་བའི་དྲ་ཚིགས་འདི་བོད་མིའི་སྤྱི་ཚོགས་སྟེང་དངོས་སུ་ཤར་གཏོང་བྱས་ཡོད་པས། རྒྱ་ཆེའི་མི་མང་ནས་འདི་ག་ལྟེ་གནས་ཁང་གི་འགྲོ་ཐོབ་ཐང་ལ་སྲུང་སྐྱོབ་དང་། འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་གཏོང་ཐབས་ཀྱི་ལས་འགུལ་ཁག་ནང་མཉམ་ཞུགས་དང་ཕྱར་བ་གྲུ་འདེགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད།
འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་གིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ཀྱི་ཟབ་སྦྱོང་།
མཉམ་ཞུགས་མི་སྣ། ཐེངས་འདིའི་ཟབ་སྦྱོང་ཐོག་རྒྱ་གར་དང་བལ་ཡུལ་ནས་ཕེབས་པའི་བཙུན་མ་དང་སློབ་ཕྲུག་དང་ཉམས་ཞིབ་པ། ཁེ་ལས་པ་བཅས་ཁྱོན་བུད་མེད་༣༠ ལྷག་མཉམ་ཞུགས་ཀྱིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་སྐོར་ལ་བགྲོ་གླེང་གོ་སྡུར་བྱས།
དུས་ཚེས། ཕྱི་ལོ་༢༠༡༨ ཟླ་༦ ཚེས་༢༥ ནས་༢༧ བར།
ས་གནས། བཞུགས་སྒར་དྷ་རམ་ས་ལ།
བོད་རིགས་གཞོན་སྐྱེས་ཚོར་འགྲོ་བ་མིའི་ཐོབ་ཐང་གི་གོ་རྟོགས་སྤེལ་ཐབས་ཀྱི་ཟབ་སྦྱོང་།
མཉམ་ཞུགས་མི་སྣ། ཐེངས་འདིའི་ཟབ་སྦྱོང་སྟེང་ལྡི་ལི་དང་བྷང་ལོར། ཝར་ན། མེ་སོར་མཐོ་སློབ་སོགས་ཀྱི་མཐོ་རིམ་སློབ་ཕྲུག་༣༠ ལྷག་མཉམ་ཞུགས་༼མང་ཤོས་བུད་མེད་ཆགས་ཡོད།༽ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་གཙོས་པའི་རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་ལུགས་རྩ་འཛིན་དང་སྤྱི་ཆིངས་ཁག་ངོ་སྤྲོད་བྱས་པ་བརྒྱུད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་བགྲོ་གླེང་གོ་སྡུར་བྱས།
དུས་ཚེས། ཕྱི་ལོ་༢༠༡༨ ཟླ་༨ ཚེས་༡༡ ནས་༡༢ བར།
ས་གནས། བྷང་ལོར་མཐོ་སློབ།
བྱིས་པའི་ཐོབ་ཐང་དང་འབྲེལ་བའི་ལས་འགུལ།
ས་གནས། བཞུགས་སྒར་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་དང་། མེས་དཔོན་དཔེ་སྟོན་སློབ་གྲྭ་སམ་བྷོ་ཊ་ཁྱབ་ཁོངས་ཀྱི་གཏན་སློབ་ཁག་སོགས་སློབ་གྲྭ་༨ ནང་དེང་དུས་འཕྲུལ་རིག་གི་ལམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ནང་གསལ་གྱི་དོན་ཚན་ཁག་བོད་ཡིག་ནང་ཁ་གསལ་གོ་བདེར་སྒྱུར་སྐྲུན་གྱིས་ལག་དེབ་བཟོས་ཏེ། བོད་དབྱིན་སྐད་ཡིག་གཉིས་ཀྱི་ཐོག་ནས་བྱིས་པ་ཚོར་བྱིས་པའི་ཐོབ་ཐང་ངོ་སྤྲོད་དང་གནས་ཚུལ་གོ་སྡུར་བྱས།
<br>དུས་ཚེས། ཕྱི་ལོ་༢༠༡༨ ཟླ་༡༠ ཚེས་༢༧ དང་༢༩ དང་། ཕྱི་ཟླ་༡༡ ཚེས་༦ ནས་༨ བར།