ངག་དབང་རིན་ཆེན།
མིང་གཞན་བཀྲ་ཤིས་བདེ་ལེགས། རང་ལོ་༣༩། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་འཕན་པོ་རྫོང་ཁོངས་ནས་ཡིན། ཕྱི་ལོ་༡༩༨༤ ལོར་འབྲས་སྤུངས་དགོན་པར་གྲྭ་བ་བྱས། ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ ཉིན་ལྷ་སར་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ལྟ་སྲུང་ཁང་དུ་ཟླ་༤ ཙམ་རིང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་། དེའི་རྗེས་སླར་ཡང་བོད་རང་བཙན་གྱི་ཡིད་ཆ་འགྲེམ་སྤེལ་དང་། བོད་རང་བཙན་གྱི་ཚོགས་པའི་ནང་ཞུགས་པ། གསང་བ་ཕྱི་གྱར་བཅས་ཀྱི་གནས་ཚུལ་འོག ཕྱི་ལོ་༡༩༨༩ ཟླ་༧ ཚེས་༡༨ ཉིན་འབྲས་སྤུངས་དགོན་དུ་འཛིན་བཟུང་གིས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལྟ་སྲུང་ཁང་དུ་བཙོན་འཇུག་བྱས་ཤིང་། ཕྱི་ལོ་༡༩༨༩ ཟླ་༡༡ ཚེས་༢༨ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཚོགས་ཁང་ནང་དུ་བཅད་ཁྲ་ཡོངས་བསྒྲགས་ཀྱི་ཚོགས་ཆེན་ཐོག་མི་ལོ་༩ དུས་བཙོན་དང་ཆབ་སྲིད་ཀྱི་ཐོབ་ཐང་ལོ་༣ འཕྲོག ཕྱི་ལོ་༡༩༩༠ ཟླ་༡ ཚེས་༡༤ ཉིན་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས། ཕྱི་ལོ་༡༩༩༦ ལོར་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་བཏང་། ལོ་དེར་བཙན་བྱོལ་དུ་ཕེབས་ཤིང་། ཕྱིས་སུ་ནོར་ཝེ་རླུང་འཕྲིན་ཁང་དུ་གསར་འགོད་པའི་ཕྱག་ལས་གནང་།